༄༅། །དེ་ཡང་གོ་ལ་རིལ་བོ་འདིར་གནས་པའི་མི་རིགས་ཡོངས་རྫོགས་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་འགྲོ་འོང་འགོ་བཙུགས་པ་ནས་བཟུང་འགྱུར་འགྲོས་སྣ་ཚོགས་ཤིག་བྱུང་ཡོད་པ་མ་ཟད། ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདི་ནི། ཆེས་མགྱོགས་མྱུར་དང་འགྲན་རྩོད་རང་བཞིན་ཅན་གྱི་ལམ་ནས་འཇིག་རྟེན་འདིའི་གཟུགས་ཅན་གྱི་དངོས་པོ་ཡོངས་ལ་དབང་སྒྱུར་བྱེད་པའི་གནས་སྐབས་ཤིག་ཡིན་མོད། བོད་གངས་ཅན་པ་དག་ལ་མཚོན་ན་གཞི་ནས་ལམ་འདིའི་སྣེ་ཟིན་ཙམ་ཡིན་པ་མ་ཟད། ད་དུང་ལམ་འདིར་ཞུགས་པར་དགག་བྱ་བྱེད་པ་དང་ཐེ་ཚོམ་ལེ་ལོ་བཅས་ཀྱི་གཞན་དབང་དུ་གྱུར་ནས་འགག་སྒོ་སྣ་ཚོགས་ཤིག་ལ་རང་བཞིན་གྱིས་ཐོགས་ཡོད་པ་མ་ཟད། བརྒྱུད་ལམ་འདིའི་ཐོག་ཏུ་བསྐྱོད་པའི་རྒྱུ་ཆ་དང་མྱོང་གོམས་ཀྱི་ཆ་ནས་ཀྱང་མི་རིགས་གཞན་གྱི་རྗེས་ཟིན་རྒྱུར་ཧ་ཅང་ཐག་རིང་། ཡིན་ན་ཡང་ང་ཚོ་འགྲོ་བ་མིའི་ཚོགས་སྡེ་ཞིག་ཡིན་པའི་ཆ་ནས་འཇིག་རྟེན་འདིའི་འགྱུར་འགྲོས་ལ་མ་བརྟེན་པར་ང་ཚོ་ཁེར་རྐྱང་དུ་གནས་པའི་ས་ཆ་ཞིག་གོ་ལ་རིལ་བོ་འདིར་ལྷག་མེད། དེར་བརྟེན་ང་ཚོར་ཡོད་པའི་རྩ་ཆེའི་རིག་གཞུང་འདི་དེང་རབས་འཕྲུལ་རིག་ལ་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན། དེ་ཡང་རང་ཉིད་ནས་འགོ་འཛུགས་དགོས་པ་ལས་མི་གཞན་ཞིག་ལ་རེ་བ་དང་ཡིད་ཆེས་བྱེད་པ་ཙམ་གྱིས་མི་ཕན། སྤྱི་ཚོགས་ཀྱི་སྣེ་ཁྲིད་དགོས་ན་དུས་ཀྱི་འགྱུར་འགྲོས་དང་གནས་བབ་བཅས་ལ་ཞིབ་འཇུག་བྱེད་དགོས་པ་ལས་སྤྱི་ཚོགས་ལ་ཕན་ཐོགས་མེད་པའི་ལེགས་བཤད་ཅི་ཙམ་ཡོད་ཀྱང་ཤེས་ཡོན་ཅན་ཉུང་ཤས་ཤིག་གི་ཁོར་ཡུག་ཙམ་ལས་སྤྱི་ཚོགས་ནང་ཁྱབ་སྤེལ་དང་སྣེ་ཁྲིད་བྱེད་མི་ཐུབ། དེང་སྐབས་ཤེས་ཡོན་ཅན་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོར་མཚོན་ན་བརྡ་འཕྲིན་གྱི་ལམ་འདིར་མི་ཞུགས་ཀ་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད། ལམ་དེར་ཞུགས་པར་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་བསམ་དོན་འགྲུབ་མི་ཐུབ་པའི་ཚོར་བ་ཞིག་རང་བཞིན་གྱིས་སླེབས་ཡོད་པ་འདི་ནི། བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེེད། རྒྱུ་རྐྱེན་དེར་གདོང་ལེན་ཇི་ལྟར་བྱ་དགོས་མིན་ལ་བསམ་བློ་གཏོང་སྐབས། གུས་པར་མཚོན་ན་བོད་ཀྱི་སྐད་ཡིག་འདི་དེང་རབས་ཀྱི་འགྲོས་དང་མཐུན་པའི་ཁོར་ཡུག་ཅིག་བཟོ་དགོས་པ་མ་ཟད། དེ་ཡང་དམངས་ལ་ཕན་ཐོགས་ཡོད་པ་ཞིག་དགོས་རྒྱུ་ཉག་གཅིག་རེད། རྒྱུ་མཚན་དེ་ལ་བརྟེན་ནས་གུས་པས་སྤྱི་ལོ་ ༢༠༠༥ ནས་འགོ་བཙུགས་ཏེ། ད་བར་སྨོན་ལམ་བོད་ཡིག་ཅེས་པའི་མཉེན་ཆས་རིམ་པ་གསུམ་བཏོན་ནས་རིན་མེད་ཐོག སྤྱི་ཚོགས་འདིར་ཞབས་འདེགས་ཞུས་ཁུལ་བྱས་པ་ཡིན། བརྒྱུད་རིམ་འདིའི་ནང་བོད་ཕྱི་ནང་གཉིས་ནས་རྒྱབ་སྐྱོར་དང་སེམས་ཁུར་བྱེད་མཁན་མང་པོ་བྱུང་ཡོད་ལ། ཁ་རྡུང་དང་འགོག་རྐྱེན་བཟོ་མཁན་ཡང་བྱུང་ཡོད། གང་ལྟར་མི་རིགས་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན་པར་བསམས་ནས་དཀའ་ངལ་གདོང་ལེན་དང་། ཤེས་ལྡན་པ་དག་གི་དགོངས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། རང་ནུས་ཡོད་ཚད་བཏོན་ནས་མདུན་སྐྱོད་བྱས་འབྲས་སུ། སྨོན་ལམ་བོད་ཡིག་གསུམ་པ་ཞེས་པའི་མཉེན་ཆས་འདི་ཁྱེད་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་ནི། ཁོ་བོར་མཚོན་ན་ཆེས་དགའ་འོས་པ་ཞིག་དང་། གསོ་སྐྱོང་གནང་བ་ཆུད་ཟོས་སུ་མ་སོང་བ་ཙམ་ཞིག་ཡིན་པར་སེམས་ཀྱི་ཡོད། མི་རིགས་འདིར་ཡང་ཕན་ཐོགས་གང་འཚམ་ཡོང་བའི་རེ་བ་ཆེ། མཉེན་ཆས་འདིའི་ཁྱད་ཆོས་དང་བེད་སྤྱོད་གཏོང་ཕྱོགས་སོགས་གཤམ་ནས་མུ་མཐུད་གཟིགས་རོགས་གནང་།