
སྤྱི་ཟླ་༢ ཚེས་ ༢༥ དང་བོད་ས་གླང་ལོའི་ཧོར་ཟླ་དང་པོའི་ཚེས་༡ ཉིན་སྦེལ་ཀོབ་གཞིས་གྲོང་བརྒྱད་པའི་ཕོ་བྲང་དུ། ྋགོང་ས་མཆོག་གིས་བློ་བཟང་སྨོན་ལམ་ཀྱིས་གསར་བཟོ་བྱས་པའི་སྨོན་ལམ་བོད་ཡིག་མཉེན་ཆས་གསུམ་པ་དང༌། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས་གཉིས་དབུ་འབྱེད་གནང་ཡོད་ཅིང༌།
ཁོང་གིས་འདི་གློག་ཀླད་ཐོག་ཕལ་ཆེར་ང་ཚོར་བོད་ཐོག་ཡོད་བསྡད་པ་དང་པོ་ཡིན་ས་རེད། མ་གཞི་ངས་ཡག་པོ་དེ་ཙམ་ཤེས་ཀྱི་མེད། ཁ་སང་འདིའི་ལས་ཀ་བྱེད་མཁན་གྲྭ་པ་དེ་དང་ངེད་གཉིས་ཐུག་སོང༌། འགྲེལ་བཤད་བརྒྱབས་དུས་ཧ་ཅང་གི་ཡིད་འཕྲོག་པ་ཞིག་འདུག དེ་རིང་ཞོགས་པར་ཞུས་པ་བཞིན་ང་ཚོ་བོད་པ་ཚོ་དུས་ཚོད་ཀྱི་རྗེས་ཟིན་ཐུབ་པ་བྱས་ནས་འགྲོ་དགོས་པ་རེད། ངས་རྟག་པར་འབོད་སྐུལ་ཞུས་བསྡད་ཡོད། བྱས་ཙང་ཁོང་གི་ལས་ཀ་དེས་ང་ཚོ་དུས་ཚོད་གསར་བའི་རྗེས་ཟིན་ཐུབ་བྱེད་རྒྱུར་ཕན་རླབས་ཆེན་པོ་ཞིག་ཡིན་པའི་བཟོ་འདྲ་བོ་མཐོང་སོང༌། ཁ་སང་བསྔགས་བརྗོད་ཞུ་རྒྱུ་བྱང་ལ། དེ་རིང་མང་ཚོགས་ཡོད་ས་འདིར་ཡང་ཁོང་གིས་བྱས་རྗེས་འདི་ལ་ཡང་བསྐྱར་བསྔགས་བརྗོད་བྱེད་ཀི་ཡིན། རྗེས་སུ་ཡི་རང་ཡོད། དེ་དང་དེ་འདྲ་བའི་གསར་བཏོད་པའི་རིགས་དེ་ང་ཚོ་བོད་པའི་ནང་ཡིན་གཅིག་མིན་གཅིག་ཐོན་དགོས་ཀི འཆར་ཅན་རྙིང་པ་དེ་བསྐོར་བ་བརྒྱབས་བསྡད་པ་མ་ཡིན་པར། དུས་ཚོད་ཀྱི་རྗེས་ཟིན་ཐུབ་པ་ཞིག་དང་ཡར་རྒྱས་ཀྱི་རང་བཞིན་ལྡན་པའི་གསར་བཏོད་ཐོན་དགོས་པ་གལ་ཆེན་པོ་རེད། ཡེར་པ་ཁང་ཚན་གྱི་གྲྭ་བློ་བཟང་སྨོན་ལམ་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཟེར་གི་ཡིན། དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག་ཅེས་བཀའ་སློབ་ལམ་སྟོན་གནང་ཡོད།
རྩོམ་སྒྲིག་པ་རྭ་རྒྱ་བློ་དབང་།